གཞན་ལ་མེད་པའི་བོད་ཀྱི་བརྡ་སྤྲོད་ཀྱི་ཁྱད་ཆོས།

རྩོམ་ཡིག་འདི་ཐེངས་ 791 བཀླགས་འདུག

བོད་ཀྱི་བརྡ་སྤྲོད་འདིར་སྐད་ཡིག་གཞན་ལ་མེད་པའི་ཁྱད་ཆོས་དུ་མ་ཡོད།

བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལ་གདང་ལ་རི་བོ་རྩོམ་སྒྲིག་པས་བཅར་འདྲི་ཞུས་པ།

དྲི་བ། བཀྲ་ཤིས་བདེ་ལེགས། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ཁྱེད་ཀྱི་མི་ཚེའི་བརྒྱུད་རིམ་ཞིག་གསུང་རོགས།
ལན། ངའི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་མི་ཚེའི་བརྒྱུད་རིམ་ནི་བཙན་བྱོལ་དུ་འཚར་ལོངས་བྱུང་བ་སྤྱི་དང་མི་འདྲ་བ་གང་ཡང་མེད་པས་སྤྱིར་བཏང་གི་གནས་ཚུལ་ཞིག་ལགས་ཤིང་། ཐོག་མར་ཧིམཱཅལ་མངའ་སྡེའི་མཎྜཱི་རྫོང་ཁོངས་ཀཊྲེན་དང་ཀལཱཐ་རྣམ་གཉིས་ཀྱི་བར་དུ་ཆགས་པའི་པཏལི་ཀུཧལ་ཞེས་པའི་ཡུལ་གྲོང་དེར་ལོ་རབས་དྲུག་ཅུའི་སྨད་དུ་ཀུ་ལུ་མནཱལཱི་ཁུལ་དུ་གནས་པའི་བཙན་བྱོལ་བོད་མི་ལམ་བཟོ་བའི་ཀེམ་ཁག་གི་ལམ་སྤྱི་དང་བརྒྱ་དཔོན་རྣམས་ནས་དང་དུ་བླངས་ཏེ་སློབ་གྲྭ་ཆུང་ངུ་ཞིག་གསར་དུ་བཙུགས་ཤིང་། སློབ་གྲྭ་དེ་ནི་ངའི་ཀློག་གང་ནས་བསླབས་པའི་ཐོག་མའི་སློབ་གྲྭ་དེ་ཡིན། དེ་དུས་ཁོང་རྣམས་ནས་བཙན་བྱོལ་བོད་གཞུང་དང་ངེས་པར་འབྲེལ་བ་གནང་ཡོད་ཤས་ཆེའང་། འགན་བཞེས་མཁན་གཙོ་བོ་ནི་སྐབས་དེ་དུས་ཀྱི་ལམ་སྤྱི་རྣམ་གཉིས་དང་བརྒྱ་དཔོན་རྣམས་རེད། ལམ་སྤྱི་རྣམ་གཉིས་ནི་སྐུ་ངོ་བྱམས་པ་ཕུན་ཚོགས་དང་ཀ་མི་ཀ་ཆོས་མཛད་ཕུན་ཚོགས་བཀྲ་ཤིས་ཡིན་པ་ཡོད། དེ་ནི་ཕྱི་ལོ་ ༡༩༦༨ ལོར་ཡིན། དེ་སྐབས་སློབ་གྲྭའི་ཉལ་ཁང་དང་འཛིན་ཁང་སོགས་ཡོངས་རྫོགས་ཤིང་ལས་གྲུབ་ཅིང་། ཐོག་ནི་རས་གཞི་མཁྲེགས་པོ་འཕགས་སྐད་དུ་ཏིར་པཱལ་ཞེས་པ་དེ་དག་ལས་གྲུབ་པའོ། །སྔ་ཕྱིར་ང་ཚོར་དགེ་རྒན་མང་པོ་བྱུང་ཞིང་། ཐོག་མའི་དགེ་རྒན་ཕལ་ཆེ་བ་ནི་སློབ་གྲྭ་གཞན་ནས་གུང་སེང་དུ་ཕེབས་པའི་སློབ་ཕྲུག་གང་གི་ཕ་མ་དང་གཉེན་ཉེ་དུ་ས་གནས་དེ་ཕྱོགས་སུ་ཡོད་པ་རྣམས་ཡིན། རིམ་གྱིས་དགེ་རྒན་རྣམས་ཀྱང་ཅུང་གཏན་ཆགས་སུ་གྱུར་ཏེ་རེ་རེས་ཀྱང་ལོ་ངོ་གཅིག་ལས་མང་བ་ཕྱག་ལས་གནང་བ་དེ་འདྲ་བྱུང་ཡོད། རང་ཉིད་ཕལ་ཆེར་འཛིན་གྲྭ་བཞི་པ་ཡིན་པའི་སྐབས་བོད་ཡིག་དགེ་རྒན་ནི་མདོ་སྨད་སྤྱི་ཟུར་འཆད་པ་ཨ་ལགས་བློ་བཟང་འཇམ་དཔལ་ལགས་ཡིན་ཞིང་། ཁོང་ནི་སུམ་རྟགས་ལ་མཁས་པའི་གྲགས་པ་ཆོད་པ་ཞིག་ཡིན། ཁོང་ནི་དེ་སྔ་བོད་ཀྱི་གདན་ས་ཆེན་པོ་སྒོ་མང་ནས་ཡིན་པར་བརྟེན་ནང་ཆོས་ཀྱི་གཞུང་ལུགས་ལའང་ཐོས་བསམ་རྨད་དུ་བྱུང་བ་ཞིག་ལགས། ང་ཚོ་འཛིན་གྲྭ་ལྔ་པ་ཡིན་དུས་ཀྱང་གང་ཟག་དང་བདག་མེད། རང་བཞིན་མེད་པ། བྱམས་སྙིང་རྗེ། སྟོང་པ་ཉིད། བདེན་པ་བཞི། ལས་རྒྱུ་འབྲས། རྟག་གཅིག་རང་དབང་ཅན། རྟེན་འབྲེལ་སོགས་ཀྱི་ཐ་སྙད་སྟེང་གོ་བ་ཆགས་མ་ཐུབ་ཀྱང་བག་ཆགས་གཏིང་ཟབ་པོ་ཞིག་ཆུང་བྱིས་པའི་དུས་ནས་བསགས་མྱོང་ཡོད་འདུག དེ་ནས་འཛིན་གྲྭ་དྲུག་པ་བར་སློབ་གྲྭ་དེ་ཉིད་དུ་སློབ་སྦྱོང་བྱས། ངའི་སྐབས་དེ་དུས་ཀྱི་བོད་ཡིག་གི་གནས་ཚད་ནི་རང་གི་བསམ་པར་གང་ཡོད་པ་རྣམས་ནོར་འཁྲུལ་མེད་པར་འབྲི་ཐུབ་པའི་གནས་ཚད་ཅིག་ཏུ་སོན་ཡོད་པ་ང་རང་གིས་གསལ་པོར་ཤེས་ཀྱི་ཡོད། དེང་སང་འགའ་ཞིག་གིས་བོད་པས་བོད་ཡིག་སློབ་སྟངས་ཤེས་ཀྱི་མེད་ཚོད་དང་། བོད་པས་བོད་ཡིག་སློབ་སྟངས་ཀྱང་ནུབ་ཕྱོགས་པ་ལས་སློབ་དགོས་གསུང་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ན་དངོས་འབྲེལ་ཧ་ཅང་རྟོག་པ་རྩིང་བའི་རྣམ་རྟོག་ཁོ་ནར་ཟད། བོད་པ་མ་གཏོགས་འཛམ་གླིང་ནང་རྒྱལ་ཁབ་གང་གིས་ཀྱང་རང་གི་གནའ་བོ་ནས་བྱུང་བའི་སྐད་ཡིག་སློབ་འཁྲིད་བྱེད་སྟངས་ནོར་འདུག་གསུང་མཁན་ཡོད་མི་སྲིད། གང་ཡིན་ཟེར་ན་གནའ་བོའི་མཁས་པ་གནམ་གྱིས་ས་ཁེབས་པ་ལྟ་བུ་བྱུང་བ་ཡོད་ཚད་གནའ་བོའི་སློབ་ཁྲིད་གནང་སྟངས་ལས་བྱུང་བ་ཡིན་པས་སོ། །གང་ཞིག་གསུང་སྲིད་པ་དེ་ནི་བོད་ཀྱི་སྐད་ཡིག་མི་རིགས་གཞན་ཞིག་ལ་སློབ་ཁྲིད་བྱེད་སྐབས་བོད་པས་འཇོན་གྱི་མི་འདུག་ཟེར་བ་དེ་ནི་ཡིན་སྲིད། དེ་ཡང་སྤྱི་ཡོངས་ནས་ཁས་ལེན་བྱེད་དཀའ་སེ་རེད།།
དེ་ནས་འཛིན་གྲྭ་བདུན་པ་ནས་བཅུ་པ་བར་ལུགས་ཟུང་བསམ་གྲུབ་གླིང་གི་སེན་ཌེ་སློབ་གྲྭར་བསྐྱོད། དེ་སྐབས་ཐོག་མར་རྒན་ཚེ་རིང་བཀྲ་ཤིས་(རྣམ་ཀུན་རྒན་ཚེ་བཀྲ་ཞུ་གི་ཡོད་རེད་)ཀྱིས་ཡིག་ཚད་ཅིག་བཏང་རྗེས་ང་ལ་རྟགས་འཇུག་ཡག་པོ་ཡོད་པའི་བསྔགས་བརྗོད་གནང་མྱོང་། ངོ་མ་ཟེར་ན་ངས་དེ་དུས་རྟགས་འཇུག་གི་གཞུང་དགའ་མོ་ཞིག་མི་ཤེས་ཀྱང་ཡིག་ཚད་དུ་ཡི་གེའི་ཐོབ་ཐང་རྣམས་གཅིག་ཀྱང་མ་ནོར་བ་བྲིས་ཡོད་པ་ཐག་གིས་ཆོད། དེ་ནི་གཞུང་གང་འདྲ་ཞིག་ཡིན་ཡང་དེ་ལ་ལག་ལེན་གྱི་ཆ་ཞིག་དང་གཞུང་ལུགས་ཀྱི་ཆ་ཞིག་ཡོད། ལག་ལེན་གྱི་ཆ་དེ་ལེགས་པར་ཤེས་ན་རྒྱུས་མེད་ཚོས་གཞུང་ལུགས་ཤེས་ཀྱི་ཡོད་པར་གནས་སྐབས་ངོས་འཛིན་མི་བྱེད་ཀ་མེད་རེད། འོན་ཀྱང་མུ་མཐུད་ནས་བགྲོ་གླེང་བྱེད་པའི་དབང་དུ་བཏང་ན་རང་གི་ཁ་དོག་ཐོན་པར་ངེས། གང་ལྟར་སློབ་གྲྭ་དེ་ནས་འཛིན་གྲྭ་བཅུ་པ་ལེགས་པར་ཐོན་ཏེ་མ་སུ་རིར་འཛིན་གྲྭ་བཅུ་གཅིག་ཏུ་བསྐྱོད། དེར་ཚན་རིག་གི་སློབ་ཚན་བླངས་པས་བོད་ཡིག་ལ་དམིགས་བཀར་དོ་སྣང་བྱེད་རྒྱུ་མ་བྱུང་། སྟབས་མི་ལེགས་པ་ཞིག་ནད་གཞི་དང་གེགས་ཤིག་གི་དབང་གིས་འཛིན་གྲྭ་བཅུ་གཉིས་ཀྱི་ཡིག་ཚད་བཤོལ་དགོས་ཐུག

དེ་ནས་ཟླ་དྲུག་རིང་གནས་ངེས་མེད་དུ་འཁྱམས། སྟབས་ལེགས་པ་ཞིག་ལ་སྔ་མོ་ཀློག་གང་ནས་བསླབས་པའི་སློབ་གྲྭ་དེར་འགྲོ་འདོད་ཅིག་སྐྱེས་ནས་དེར་སོང་། དེར་ཟླ་ཤས་རིང་དགེ་རྒན་དང་ངོ་ཤས་ལས་བྱེད་རྣམས་ཀྱི་སར་བསྡད། དུས་ཡུན་དེའི་རིང་དེར་དགེ་རྒན་གྱི་ལས་ཀ་ཡང་བྱས། དེར་པདྨ་ཚེ་དབང་ཤཱསྟྲི་དང་མཇལ་ཏེ་ཝཱརཱཎསཱིར་སློབ་གཉེར་བྱེད་རྒྱུའི་གོ་སྐབས་ཡོད་སྐོར་ལམ་སྟོན་ཐོབ་པར་བརྟེན་ཚམ་ཚོམ་མེད་པར་དེ་གར་འཛུལ་ཞུགས་བྱེད་རྒྱུ་ཐག་བཅད། དེར་འཛུལ་ཞུགས་བྱས་ཏེ་སྔ་ཕྱི་སྡོམ་ལོ་ངོ་དགུའི་རིང་བོད་ཀྱི་སྐད་ཡིག་དང་། ལེགས་སྦྱར་གྱི་སྐད་ཡིག དབྱིན་ཇིའི་སྐད་ཡིག །ནང་ཆོས། བོད་ཀྱི་ལོ་རྒྱུས་བཅས་སྟེ་སློབ་སྦྱོང་ལེགས་པར་བགྱིས་ཏེ་ཨཱཅཱརྱའི་རྒྱུགས་སྤྲོད་སྐབས་གསེར་གྱི་རྟགས་མ་ཐོབ། དེ་ནི་སློབ་སྦྱོང་ཡག་པོ་བྱུང་བ་དང་ཆེས་མཐོའི་གཙུག་ལག་རབ་འབྱམས་སློབ་གཉེར་ཁང་གི་ངོས་འཛིན་ཐོབ་པའི་དན་རྟགས་ཙམ་རེད། ཤེས་ཡོན་དང་འབྲེལ་བའི་ངོས་འཛིན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཐོབ་ཀྱང་ངོས་འཛིན་དེ་ཉིད་སྤྱི་ཚོགས་ཀྱི་ཁྲོད་ནས་ཐོབ་པར་བྱེད་རྒྱུ་ནི་ཤེས་ཡོན་ཡོད་པར་ཁས་འཆེས་པ་ཞིག་ལ་དགོས་ངེས་ཅན་ཞིག་ཡིན། དེ་ཡི་ཆེད་དུ་སྤྱི་ཚོགས་ནང་དངོས་སུ་ཤེས་ཡོན་དང་འབྲེལ་བའི་ལས་ཀ་བྱེད་དགོས་པ་ཡིན། རང་ཉིད་ལ་མཚོན་ན་ལས་དང་སྨོན་ལམ་གྱི་དབང་གིས་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་སྲི་ཞུ་སྒྲུབ་པའི་གོ་སྐབས་གསེར་བས་དཀོན་པ་ཞིག་ཐོབ། དེ་ནི་བརྒྱ་ཕྲག་གོང་མའི་ལོ་རབས་དགུ་བཅུའི་འགོ་སྟོད་ཀྱི་གནས་ཚུལ་ཞིག་ལགས། སྤྱིར་ན་ཤེས་ཡོན་དང་ཐད་ཀར་འབྲེལ་བའི་ལས་ཀ་ནི་མཁས་པའི་བྱ་བ་རྣམ་གསུམ་ཡིན་ཅིང་། འོན་ཀྱང་འཆད་རྩོད་རྩོམ་གསུམ་གར་མི་གཅིག་ལ་ཚད་མཐོར་སོན་པ་ནི་དཀོན་པོ་ཡིན་ཅིང་། དེས་ན་དེ་དག་ལས་གཅིག་གི་སྟེང་ངོ་སོ་ཐོན་པའི་སྲི་ཞུ་སྒྲུབ་ཐུབ་ན་ངོ་མནོངས་མི་དགོས་ཙམ་ཞིག་ཆགས་པར་རེ། རང་ཉིད་ལ་མཚོན་ན་རང་གིས་གང་ཤེས་པ་སློབ་ཁྲིད་བྱེད་རྒྱུ་དེ་ལས་ཀྱིས་བསྐོས་པ་ལྟ་བུར་གྱུར། རྒྱུ་མཚན་དེའི་ཕྱིར་བརྒྱ་ཕྲག་གཅིག་གི་བཞི་ཟུར་གཅིག་གི་བགྲང་བྱའི་དུས་ཡུན་ལས་བརྒལ་བའི་རིང་བདག་གིས་བོད་ཀྱི་དཔེ་མཛོད་ཁང་གཙོ་བོར་གྱུར་པའི་རྒྱལ་ཕྱི་ནང་གི་སློབ་གཉེར་ཁང་དྲུག་ཏུ་སློབ་ཁྲིད་བྱས་མྱོང་། འདི་ནི་རང་ཉིད་ལ་ཤེས་ཡོན་ཐད་སྤྱི་ཚོགས་ཀྱི་ངོས་ལེན་ཐོབ་པ་དེ་ཡིན། ད་ལྟའང་མུ་མཐུད་ནས་ལས་རིགས་དེ་ཉིད་སྐྱོང་བཞིན་པ་ཡིན།།
རང་རེ་འགའ་ཞིག་གིས་རང་ཉིད་ལ་ཤེས་ཚད་ཡོད་ན་མཐོ་སློབ་ཀྱི་ལག་ཁྱེར་མེད་ཀྱང་འཐུས་པར་སེམས་ཤིང་། ཡང་འགའ་ཞིག་གིས་ནི་དེ་ལས་ལྡོག་སྟེ་མཐོ་སློབ་ཀྱི་ལག་ཁྱེར་ཡོད་ན་ཤེས་ཚད་མེད་ཀྱང་འགྲིགས་པ་ལྟ་བུར་དགོངས་ཀྱི་ཡོད། གཉི་ག་རྟོག་པ་རྩིང་བ་ཁོ་ནར་སེམས། དེ་གཉིས་ལས་གལ་ཏེ་གདམ་ངའི་གོ་སྐབས་ཤིག་མཆིས་ན་དང་པོ་གདམ་དགོས་པ་ལས་གཉིས་པ་དེ་གདམ་མི་རུང་། གང་ལགས་ཤེ་ན་གཉིས་པ་དེ་ལ་ལས་ཀ་བྱེད་རྒྱུའི་ཤེས་ཚད་མེད་པའི་ཕྱིར། དེ་ལྟ་ནའང་དང་པོ་དེ་ལ་གལ་ཏེ་ཁྲིམས་ཀྱི་དགག་བྱ་ཡོད་ཚེ་ཐབས་ཤེས་གཞན་ཅི་ཞིག་འདུག་པའི་ཐད་དགོངས་པ་བཞེས་དགོས། ཤེས་ཚད་དང་ལག་ཁྱེར་གཉིས་ཀ་ཡོད་ན་ཕུན་སུམ་ཚོགས་པའི་ཡན་ལག་གོ །ངས་ད་བར་བརྡ་སྤྲོད་ཀྱི་དེབ་གཅིག་དང་བོད་འགྱུར་འགའ་ཞིག །དེ་སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་གི་དུས་དེབ་དང་པོ་ནས་བརྒྱད་པ་བར་གྱི་རྩོམ་སྒྲིག་པའི་ལས་བྱས་མྱོང་། དེ་བཞིན་ཕྱི་ལོ་ ༡༩༩༡ ཙམ་ནས་བོད་ཀྱི་དཔེ་མཛོད་ཁང་གི་གཏམ་ཚོགས་དུས་དེབ་ཀྱི་རྩོམ་སྒྲིག་སྲི་ཞུ་བ་དང་། དེ་ནས་ཕྱི་ལོ་ ༢༠༠༥ ནས་རྩོམ་སྒྲིག་པའི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་པ་ཡིན།།

དྲི་བ། བོད་ཀྱི་བརྡ་སྤྲོད་འདིར་སྐད་ཡིག་གཞན་གྱི་བརྡ་སྤྲོད་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་གང་དང་གང་གཟིགས་ཀྱི་ཡོད།
ལན། བོད་ཀྱི་བརྡ་སྤྲོད་འདིར་སྐད་ཡིག་གཞན་ལ་མེད་པའི་ཁྱད་ཆོས་དུ་མ་ཡོད་ཅིང་། འོན་ཀྱང་སྐད་ཡིག་གཞན་ལ་ཁྱད་ཆོས་དེ་དག་མེད་པ་རྒྱུ་མཚན་དུ་བྱས་ཏེ་སྐད་ཡིག་དེ་དང་དེེའི་ཞན་ཆར་དགོངས་མི་རུང་། ཁྱད་ཆོས་དེ་དང་དེ་དག་སྐད་ཡིག་དེ་དང་དེ་དག་ལ་དགོས་ངེས་ཅན་ཡིན་པ་གང་ཞིག་སྐད་ཡིག་དེ་དང་དེ་དག་ལ་མེད་པར་གྱུར་ན་ནི་ཞན་ཆར་དགོངས་ཆོག་ཀྱང་མེད་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་ཞན་ཆར་གཏན་ནས་དགོངས་མི་རུང་། དེ་ལྟར་མིན་ན་སྐད་ཡིག་ཡོད་དོ་ཅོག་ལ་ཞན་ཆས་བགྲང་གིས་མི་ལང་བར་འགྱུར། དེ་ནས་བོད་སྐད་ཀྱི་སྒྲ་གདངས་དེ་ལེགས་སྦྱར་ལས་ཕྱུག་པ་ཡིན་པ་མངོན་སུམ་ར་སྤྲོད་ཐུབ་པར་ངེས།།
གསལ་བྱེད་སུམ་ཅུའི་དབང་དུ་བཏང་ན། སྡེ་པ་དང་པོ་ནས་དྲུག་པ་བར་གྱི་རང་རང་གི་གསལ་བྱེད་གསུམ་པ་སྟེ་ག་དང་། ཇ་དང་། ད་དང་། བ་དང་། ཛ་དང་། འ་བཅས་ཀྱི་སྒྲ་གདངས་ལེགས་སྦྱར་གྱི་གསལ་བྱེད་ཁོངས་སུ་མེད་ཅིང་། དེ་བཞིན་སྡེ་པ་ལྔ་པའི་ཙ་དང་ཚ། སྡེ་པ་དྲུག་པའི་ཞ་དང་ཟ་བཅས་ཀྱི་སྒྲ་གདངས་ཀྱང་ལེགས་སྦྱར་གྱི་གསལ་བྱེད་ཁོངས་སུ་མེད། འོ་ན་ལེགས་སྦྱར་དུ་གསལ་བྱེད་ག་དང་ཇ་དང་ད་དང་བ་དང་བཅས་པ་ཡོད་པ་མངོན་སུམ་མིན་ནམ་ཞེ་ན། འདི་ན་སྒྲ་གདངས་ཀྱི་དབང་དུ་བྱས་ནས་ཞུ་གི་ཡོད་པས་ལེགས་སྦྱར་གྱི་ག་ཡི་སྒྲ་གདངས་ནི་རང་རེའི་ག་ཡི་སྒྲ་གདངས་དང་མི་གཅིག རྒྱུ་མཚན་དེ་ཡི་ཕྱིར་ན་བསྟན་དར་ལྷ་རམས་ཀྱིས་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་དུ་ལེགས་སྦྱར་གྱི་གུ་རུ་ཞེས་པ་བོད་སྐད་དུ་འདོན་སྐབས་སྔོན་འཇུག་འ་ཡིས་བརྒྱན་པའི་ཕྱིར། སྡེ་པ་དང་པོ་བཞི་ཡི་རང་རང་གི་གསལ་བྱེད་བཞི་པ་སྟེ་ང་ཉ་ན་མ་བཞི་པོའི་མགོ་ཅན་གྱི་སྒྲ་གདངས་ཏེ་སྔ་དང་སྙ། སྣ་དང་སྨ། རྔ་དང་རྙ། རྣ་དང་རྨ། ལྔ་ཡོངས་རྫོགས་ལེགས་སྦྱར་གྱི་སྒྲ་གདངས་སུ་མེད། དེ་ནས་ཀླ་དང་གླ། བླ་དང་རླ། སླ་བཅས་ལ་བཏགས་ཀྱི་སྒྲ་གདངས་ཀྱང་ལེགས་སྦྱར་དུ་མེད། དེ་བཞིན་མངའ་དང་དངའ། གཉའ་དང་མཉའ། གནའ་དང་མནའ། དམའ་དང་མནའ། གཡའ་དང་དབྱའ་བཅས་སྒྲ་གདངས་བཅུ་ཡང་ལེགས་སྦྱར་དུ་མེད། དེས་ན་གོང་གསལ་གསལ་བྱེད་བཅུ་དང་མགོ་ཅན་དགུ ལ་བཏགས་ལྔ་། འཕུལ་ཡིག་བཅུ་སྟེ་སོ་བཞིའི་སྒྲ་གདངས་ལེགས་སྦྱར་གྱི་སྒྲ་གདངས་སུ་མེད། དེ་དག་རེ་རེ་ལ་དབྱངས་བཞི་པོ་སྦྱར་བ་ལས་གྲུབ་པའི་སྒྲ་གདངས་བརྒྱ་དང་སོ་དྲུག་བོད་སྐད་དུ་ཡོད་ཀྱང་ལེགས་སྦྱར་དུ་མེད། དེ་བཞིན་རྗེས་འཇུག་བཅུ་ལས་མཐའ་རྟེན་ད་དང་ན། ལ་དང་ས་བཅས་ལས་གྲུབ་པའི་སྒྲ་གདངས་བགྲང་བ་ལས་འདས་པ་བོད་སྐད་དུ་ཡོད་ཀྱང་ལེགས་སྦྱར་གྱི་སྒྲ་གདངས་སུ་མེད། དེ་དག་ཡོངས་རྫོགས་ལེགས་སྦྱར་གྱི་གཟུགས་སུ་ཨུ་ཚུགས་བྱས་ཏེ་བྲིས་ཆོག་ཀྱང་འདོན་པའི་ཆེད་དུ་བོད་ཀྱི་ཀློག་སློབ་དཔོན་ལས་ཤེས་དགོས་པ་ལས་ལེགས་སྦྱར་གྱི་གཟུགས་རང་གི་ཐོག་ནས་ཀློག་ཐུབ་ཐབས་མེད། དེ་ལྟར་ཨུ་ཚུགས་བྱས་ཏེ་བྲིས་པ་ལ་ཡང་སྔོན་དུ་གསལ་བྱེད་ཞ་ཟ་འ་དང་ཙ་ཚ་ཛ་སོགས་གསར་དུ་བཟོས་ཏེ་གཏིང་ཚུགས་པ་ཆགས་དགོས་པའོ། །སྡེ་པ་དང་པོ་གཉིས་ཀྱི་རང་རང་གི་གསལ་བྱེད་བཞི་པ་སྣ་ལྡན་གྱི་སྒྲ་གདངས་ཅན་ང་དང་ཉའི་ཐོག་མར་བྱས་པའི་སྒྲ་གདངས་ཅན་གྱི་ཚིག་ཀྱང་ལེགས་སྦྱར་དུ་མེད། རྒྱུ་མཚན་དེས་ན་ངག་དབང་དང་ཉི་མ་ཅན་གྱི་སྒྲ་རྣམས་རྒྱ་གར་བས་ཚུལ་བཞིན་འདོན་དཀའ་བར་གྱུར། དེ་བཞིན་ཚེག་བར་གཅིག་ཏུ་གནས་པའི་ཀོའི་དང་ཀུའི་སྒྲ་གདངས་ཀྱང་ལེགས་སྦྱར་གྱི་སྐད་དུ་མེད། ད་གཟོད་བོད་ཀྱི་སྐད་ཡིག་གི་སྒྲ་གདངས་དེ་ཇི་ཙམ་ཕྱུག་པོ་ཡིན་པ་ང་ཚོས་གསལ་པོར་རྟོགས་ཐུབ་པ་ཡིན།།
འདིར་བོད་སྐད་དང་ལེགས་སྦྱར་དབར་མཚུངས་བསྡུར་མདོར་བསྡུས་ཤིག་བྱས་ན། ཐོག་མར་སྦྱར་བྱ་ཡི་གེའི་རྣམ་གཞག་ལ་མཚོན་ན་ལྷ་ཆེན་དབང་ཕྱུག་གིས་ཌ་མ་རུ་དཀྲོལ་ཏེ་བྲམ་ཟེ་ཆེན་པོ་པཱཎཱིནིས་ཇི་ལྟར་ཐོས་པར་གྱུར་པ་ནི་དབྱངས་གསལ་གྱི་སྒྲ་མདོ་བཅུ་བཞི་ཡིན། དེ་དག་ནི། ཨ་ཨི་ཨུཎྲ༡། རྀ་ལྀཀྲ༢། ཨེ་ཨོངྲ་༣། ཨཻ་ཨཽཅྲ༤། ཧ་ཡ་ཝ་རཊྲ༥། ལཎྲ༦། ཉ་མ་ང་ཎ་ནམྲ༧། ཇྷ་བྷཉྲ༨། གྷ་ཌྷ་དྷཥྲ༩། ཇ་བ་ག་ཌཤྲ༡༠ ཁ་ཕ་ཆ་ཋ་ཐ་ཅ་ཊ་ཏཝྲ༡༡། ཀ་པཡྲ༡༢། ཤ་ཥ་སརྲ༡༣། ཧལྲ༡༤། གོང་གསལ་གྱི་མདོ་ལས་དབྱངས་དགུ་དང་གསལ་བྱེད་སོ་གསུམ་བསྟན་ནོ། །གོང་གསལ་དབྱངས་ལས་ཨ་ཨི་ཨུ་རྀ་ལྀ་བཅས་ལྔ་སེ་གོལ་གཅིག་གཏོགས་པའི་དུས་ཡུན་འགོར་ཞིང་། དེ་དག་ལ་དབྱངས་ཐུང་ངུ་(ཧྲསྭ་སྭརཱཿ)དང་རྩ་བའི་དབྱངས་ལྔ་ཟེར། དེ་ནས་ཨཱ་ཨཱི་ཨཱུ་རཱྀ་ཨེ་ཨོ་ཨཻ་ཨཽ་བཅས་ལྔ་ནི་སེ་གོལ་གཉིས་གཏོགས་པའི་དུས་ཡུན་འགོར་ཞིང་། དེ་དག་ལ་དབྱངས་རིང་བ་(དཱིརྒྷ་སྭརཱཿ)དང་གྲངས་བརྒྱད་ཡོད། དེས་ན་ཡོངས་གྲགས་ལེགས་སྦྱར་དུ་དབྱངས་ ༡༣ བགྲང་བ་ཡིན། དེ་ནས་ཨཱ༣་ཨཱི༣་ཨཱུ༣་རྀ༣་ལྀ༣་ཨེ༣་ཨཻ༣་ཨོ༣་ཨཽ༣་བཅས་དགུ་ལ་སེ་གོལ་གསུམ་གཏོགས་པའི་དུས་ཡུན་གྱི་དབྱངས་ཏེ་དབྱངས་ཆེས་རིང་བ་(པླུཏ་སྭརཱཿ)ཟེར། འདི་ལྟར་དབྱངས་རིང་ཐུང་གི་རྣམ་གཞག་དེ་བོད་སྐད་སྒྲ་གདངས་ཀྱི་རྣམ་གཞག་ལ་བཤད་དུ་མེད།
དེས་ན་ལེགས་སྦྱར་གྱི་གསལ་བྱེད་ཀྱི་གྲངས་ནི་ ༣༣ གྱིས་ངེས་སོ། ཀ་སྡེ་དང་ཊ་སྡེ་ཅ་སྡེ་ཏ་སྡེ་པ་སྟེ་བཅས་པར་ཡི་གེ་ལྔ་རེ་ཡོད་པས་ཉེར་ལྔ་དང་། སྡེར་གཏོགས་མེད་པའི་(ཨཝརྒཱིཡ་)བར་གནས་ཀྱི་ཡི་གེ་(ཨནྟཿསྠ)ཡ་སོགས་བཞི་དང་དྲོ་བའི་ཡི་གེ་(ཨཱུཥྨ་)ཤ་སོགས་བཞི་བཅས་བསྡོམས་ཏེ་གསལ་བྱེད་ ༣༣གྲུབ། དེ་དག་གི་ཁོངས་སུ་བོད་ཡིག་ནང་མེད་པའི་མཐུག་ལོག་གི་ཡི་གེ་བཅུ་བགྲང་བ་ཡིན། ཀྵ་དང་ཏྲ་དང་ཛྙ་སོགས་གསལ་བྱེད་ཀྱི་གྲངས་སུ་བགྲང་མི་རུང་། གལ་ཏེ་དེ་ལྟར་བགྲང་བར་གྱུར་ན་གསལ་བྱེད་ཀྱི་གྲངས་མཐའ་ཡས་པར་འགྱུར། དེ་དག་ནི་གསལ་བྱེད་གཉིས་ཕྱི་མར་དབྱངས་དང་བཅས་ཏེ་སྦྱར་བ་ཙམ་(སཾཡུཀྟ་ཨཀྵར་)ཡིན། དབྱངས་བཅུ་གསུམ་གྱི་སྟེང་དུ་གསལ་བྱེད་སོ་གསུམ་བསྡོམས་ཏེ་དབྱངས་གསལ་གྱི་ཡི་གེ་ཞེ་དྲུག་ལས་མི་འདུག་ན་རྒྱ་ཡིག་ལྔ་བཅུ་ཞེས་པའི་གྲངས་ཇི་ལྟར་བགྲང་དགོས་པ་དོགས་པ་སྐྱེ་སྲིད། དེ་ནི་རྟོག་ལྡན་གྱི་དོགས་པ་ཡིན་པས་དོན་མཐུན་གྱི་ལན་ཞིག་འཚོལ་བར་བྱ། གོང་དུ་བཤད་པ་སྤྱི་དང་བྱེ་བྲག་དབྱངས་གསལ་སཾཡུཀྟ་དང་བཅས་པ་ཚུལ་བཞིན་འབྲི་ཀློག་དང་སྦྱོར་འཕྲལ་ཐུབ་པར་གྱུར་ན་ལེགས་སྦྱར་གྱི་སྦྱར་བྱ་ཡི་གེའི་རྣམ་གཞག་ལེགས་པར་ཤེས་པ་ཡིན། འདི་ཙམ་གྱི་ལེགས་སྦྱར་ནི་བོད་ཡིག་སློབ་སྦྱོང་གནང་མཁན་དང་ནང་ཆོས་ཐོས་བསམ་བྱེད་མཁན་རྣམས་ལ་མེད་དུ་མི་རུང་བ་ཡིན། གལ་ཏེ་བདུན་གཉིས་རིང་ལེགས་སྦྱར་སྦྱངས་པར་གྱུར་ན་གོང་གསལ་ཤེས་བྱ་མཐའ་དག་བློར་ཆུད་པར་གྱུར་ཏེ་སྔགས་ཀློག་གི་དཀའ་ངལ་བདེ་བླག་ཏུ་བསལ་བར་ངེས་སོ།།
རང་རེའི་སྐད་ཡིག་འདི་ཉིད་ལེགས་སྦྱར་དང་ཡང་འབྲེལ་བ་ཆེ་ཙམ་ཡོད་ཅིང་། དེའི་དབང་གིས་དེ་ཡི་རྗེས་སུ་ང་ཚོས་ལེགས་སྦྱར་སྐད་ཡིག་གི་མཚམས་སྦྱོར་ཞིག་བོད་ཡིག་སློབ་སྦྱོང་བྱེད་སྐབས་ཤེས་ཐུབ་ན་དགེ་མཚན་ལས་སྐྱོན་ཅི་ཞིག་ཡོད། དེར་བརྟེན་བོད་ཡིག་སྦྱོང་བ་ཁོ་ནའི་ཆེད་དུ་ལེགས་སྦྱར་གྱི་སྐད་ཡིག་འདིར་མཚམས་སྦྱོར་བྱེད་པ་ཙམ་ལས་ལེགས་སྦྱར་གྱི་སྐད་ཡིག་སྦྱོང་བའི་དོན་དུ་འདི་ན་བཤད་ཀྱི་མེད། དེ་ཡང་། ལེགས་སྦྱར་ནི་སཾསྐྲྀཏའི་སྐད་དོད་བོད་སྐད་ནང་ཐད་འགྱུར་བྱས་པ་ཞིག་ཡིན། འདི་ནི་ལེགས་སྦྱར་སྐད་ཡིག་ནང་བཞུགས་པའི་སྒྲ་རིག་པའི་གཞུང་ལུགས་ལ་གོ་བ་ནི་སྐབས་དོན་ཡིན། ཕྱོགས་མཚུངས་བོད་ཀྱི་སྒྲ་རིག་པའི་གོ་དོན་ཡང་བོད་སྐད་ནང་བཞུགས་པའི་ལུང་སྟོན་པའི་གཞུང་ལུགས་ལ་གོ་བ་ནི་སྐབས་དོན་ཡིན། ལེགས་སྦྱར་ཐོས་བསམ་བྱས་པའི་དགོས་དོན་ནི་ལེགས་སྦྱར་ནང་བཞུགས་པའི་གཞུང་ལུགས་རྣམས་ལ་ཐོས་བསམ་བྱེད་ཕྱིར་ཡིན་གྱི། ལེགས་སྦྱར་གྱི་སྒྲ་མདོའི་འཆད་ཉན་ཁོ་ན་བརྒྱུད་སྤེལ་བྱེད་པ་ཙམ་ནི་དགོས་དོན་ཆུང་། དེ་བཞིན་བོད་ཀྱི་སྒྲ་རིག་ལ་མཚོན་ན་ཡང་དེ་ཉིད་ཐོས་བསམ་བྱས་རྗེས་བོད་གཞུང་ཆེན་མོར་ཐོས་བསམ་བྱེད་པ་ལ་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་ཚུལ་དུ་འགྲོ་དགོས་པ་ལས་བརྡ་སྤྲོད་རྐྱང་པའི་དོན་དུ་ཐོས་བསམ་བྱེད་པ་ནི་དོན་གོ་ཆུང་། རྒྱུ་མཚན་འདི་ལ་བརྟེན་ནས་གུང་ཐང་འཇམ་དཔལ་དབྱངས་ཀྱིས། རྩ་བ་བོར་ནས་ཡལ་གར་མ་འཛིན་ཨང་། །ཞེས་གསུངས་ཡོད། ཡང་སྐབས་རེ་ང་ཚོས་ཐུན་མོང་གི་རིག་གནས་སློབ་སྦྱོང་བྱས་ན་ང་རྒྱལ་འཕེལ་གྱི་ཡོད་པས་འདི་ཉིད་ཐོས་བསམ་བྱེད་པར་དགག་བྱ་བྱེད་མཁན་ཡང་ཡོད། དོན་དག་ངོ་མ་ནི་ཐུན་མོང་གི་རིག་གནས་སྦྱངས་ནས་ང་རྒྱལ་འཕེལ་བ་མིན་ཞིང་། ཡོན་ཏན་གྱི་རིགས་མཐའ་དག་དང་མཉམ་དུ་ང་རྒྱལ་ལ་སོགས་པའི་མི་དགེ་བའི་བསམ་བློ་དེ་ངང་གིས་སྐྱེ་བ་ཡིན། དེའི་གནས་སྐབས་སུ་ང་རྒྱལ་དེ་ཉིད་འགོག་དགོས་པ་ལས་འདི་ཉིད་འགོག་པའི་ཆེད་དུ་ཡོན་ཏན་སྦྱོང་རྒྱུར་དགག་བྱ་བྱེད་པ་ནི་འདྲེ་ཤར་སྒོར་གནས་པ་ལ་གླུད་ནུབ་སྒོར་གཏོང་བ་རང་ཡིན། དཔེར་ན། ཞིང་ལས་བྱེད་པའི་སྐབས་སུ་ལོ་ཏོག་ལ་ཕན་པའི་སྡོང་བུ་འབྲས་བུ་དང་བཅས་པ་སྐྱེ་བ་དང་མཉམ་དུ་རྩྭ་ཡན་ཡང་མི་ཉུང་བ་ཞིག་སྐྱེ་བ་ཡིན། དེའི་སྐབས་སུ་ཞིང་པས་རྩྭ་ཡན་བཀོག་ནས་ལོ་ཏོག་སོན་པའི་རེ་བ་བྱེད་པ་མ་གཏོགས་རྩ་ཡན་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་ཞིང་གི་འདེབས་ལས་མཚམས་འཇོག་བྱེད་པ་མིན། གལ་ཏེ་དེ་ལས་ལྡོག་སྟེ་ཞིང་པས་ཞིང་ག་འདེབས་ལས་མཚམས་འཇོག་བྱེད་པ་ཡིན་ན་རང་ཉིད་ཕུང་བའི་རྒྱུར་རང་ཉིད་ཀྱིས་དངོས་སུ་རྩོམ་པ་འདྲ་པོ་ཆགས་པ་ཡིན། དེར་བརྟེན་ང་ཚོས་རིག་གནས་ཐོས་བསམ་ནམ་ཡང་གཏང་མི་རུང་།།
ལེགས་སྦྱར་དང་བོད་ཀྱི་སྒྲ་རིག་གཉིས་སྤྱི་ལ་ཡོད་པའི་ཐུན་མོང་གི་ཁྱད་ཆོས་རྣམས་བོད་ཀྱི་བརྡ་སྤྲོད་ནང་སྦྱར་བྱ་ཡི་གེའི་རྣམ་གཞག་རྒྱ་ཆེར་བཤད་པའི་སྐབས་དང་། ཡང་ན་ཡི་གེའི་ཚོགས་ཀྱི་སྐབས་སུ་བཤད་པ་ལས་སྦྱོར་ཚུལ་ཚིག་ཕྲད་ཀྱི་སྐབས་སམ་ཡང་ན་ཚིག་གི་ཚོགས་པའི་སྐབས་ལེགས་སྦྱར་དང་བོད་ཀྱི་སྒྲ་རིག་གཉིས་ལ་དེ་ཙམ་འབྲེལ་བ་མེད། དེར་བརྟེན་བོད་ཀྱི་སྒྲ་རིག་ལ་མཁས་ཀྱང་ལེགས་སྦྱར་ལ་མཁས་མི་དགོས་པ་དང་། ལེགས་སྦྱར་གྱི་སྒྲ་རིག་ལ་མཁས་ཀྱང་བོད་ཀྱི་སྒྲ་རིག་ལ་མཁས་མི་དགོས། ལེགས་སྦྱར་གྱི་སྒྲ་མདོའི་ནང་རྟགས་དང་བདག་གཞན་གྱི་རྣམ་གཞག་བཤད་ཡོད་པ་རྣམས་དང་བོད་ཀྱི་སྒྲ་མདོར་བཤད་པའི་རྟགས་དང་བདག་གཞན་རྣམས་ཐ་སྙད་གཅིག་པ་ཡིན་ཡང་གོ་དོན་གཏན་ནས་མི་འདྲ། ལེགས་སྦྱར་གྱི་རྟགས་ཀྱི་རབ་དབྱེ་ནི་དངོས་པོ་རེ་རེར་འཇོག་ཏུ་ཡོད་ཀྱང་བོད་སྐད་ཀྱི་རྟགས་ཀྱི་རབ་དབྱེ་ནི་སྔོན་རྗེས་མིང་གསུམ་གྱི་སྒྲ་རྩོལ་དྲག་ཞན་བར་མའི་དབང་དུ་བྱས་ནས་བཞག་པ་ཡིན། ལེགས་སྦྱར་ནང་བཤད་པའི་བདག་གཞན་གྱི་རྣམ་གཞག་གང་དུ་འཇོག་ས་ནི་བྱ་ཡུལ་ཡོད་མེད་ཀྱི་དབང་དུ་བྱས་ནས་མིན་ཅིང་། འོན་ཀྱང་རང་རེའི་བདག་གཞན་ནི་བྱ་ཚིག་གང་ཞིག་ལ་བྱ་ཡུལ་ཡོད་མེད་ཀྱི་དབང་དུ་བྱེད་པ་ཡིན། དེས་ན་ལེགས་སྦྱར་གྱི་བདག་གཞན་གྱི་བྱ་ཚིག་གཉིས་ཀར་བྱ་ཡུལ་ཡོད་མེད་ཀྱི་ཁྱད་པར་འབྱེད་དུ་ཡོད་པས་ན་གང་དུ་བྱ་ཡུལ་ཡོད་པ་དེར་སཀརྨཀ་བྱ་ཚིག་དང་གང་དུ་བྱ་ཡུལ་མེད་པ་དེར་ཨཀརྨཀ་བྱ་ཚིག་ཟེར། ལེགས་སྦྱར་གྱི་བདག་གཞན་གང་རུང་གི་སཀརྨཀའི་བྱ་ཚིག་ཡིན་ཚེ་བོད་སྐད་ཀྱི་དབང་དུ་བྱས་པའི་བདག་གཞན་གྱི་དབྱེ་བ་འཇོག་ཏུ་ཡོད་ཅིང་། དེ་བཞིན་ལེགས་སྦྱར་གྱི་བདག་གཞན་གང་རུང་གི་ཨཀརྨཀའི་བྱ་ཚིག་ཡིན་ཚེ་བདག་གཞན་གྱི་དབྱེ་བ་འབྱེད་དུ་མེད། རྒྱུ་མཚན་དེའི་ཕྱིར་རང་རེའི་བདག་གཞན་དང་ལེགས་སྦྱར་གྱི་སྒྲ་མདོར་བཤད་པའི་བདག་གཞན་ལ་ཁྱད་པར་མེད་ཅེས་ཞུ་བར་འདོད།།
བརྡ་སྤྲོད་པ་ཁ་ཅིག་གིས་བྱེད་པ་པོ་དང་བདག་གཅིག་ཏུ་འཁྲུལ། བྱ་ཡུལ་དང་གཞན་གཅིག་ཏུ་འཁྲུལ་ཏེ་བྱ་ཚིག་དང་བྱེད་ཚིག་ལས་བྱུང་བ་རྩལ་དུ་མི་འདོན་པར་བྱེད་པོ་ཡིན་ཚད་བདག་དང་བྱ་ཡུལ་ཡིན་ཚད་གཞན་དུ་བཞག་པ་ཡོད། འདི་དག་ནི་བཤད་པ་རགས་པའི་སྐྱོན་ཁོ་ན་ལས་ཕྱོགས་ནོར་བའི་སྐྱོན་ནི་མིན། །ལེགས་སྦྱར་དུ་བྱ་ཚིག་ལ་དབྱེ་ན་གཞན་གྱི་ཚིག་དང་བདག་གི་ཚིག བདག་གཞན་གཉིས་ཀའི་ཚིག་ཅེས་གསུམ་བཤད་དུ་ཡོད། དང་པོ་གཞན་ནི་རྩ་བའི་བྱ་ཚིག་ཡང་ན་བྱིངས་གམྲ་ལྟ་བུ་སྐྱེས་བུ་དང་པོའི་གཅིག་ཚིག་ད་ལྟ་བའི་མཐར་ཏི་ཅན། དཔེར་ན་གཅྖཏི་ལྟ་བུ་དང་། གཉིས་པ་བདག་ནི་རྩ་བའི་བྱ་ཚིག་ཡང་ན་བྱིངས་བྷཱཥྲ་ལྟ་བུ་སྐྱེས་བུ་དང་པོའི་གཅིག་ཚིག་ད་ལྟ་བའི་མཐར་ཏེ་ཅན། དཔེར་ན། བྷཱཥྲཏེ་ལྟ་བུ་དང། གསུམ་པ་ནི་བདག་གཞན་གཉིས་ཀའི་རྩ་བའི་བྱ་ཚིག་ཡང་ན་བྱིངས་ལཱུཉྲ་ལྟ་བུར་གཞན་གྱི་སྐབས་སྐྱེས་བུ་དང་པོའི་གཅིག་ཚིག་ད་ལྟ་བའི་མཐར་ཏི་ཅན། དཔེར་ན། ལུནཱཏི་ལྟ་བུ་དང། བདག་གི་སྐབས་སྐྱེས་བུ་དང་པོའི་གཅིག་ཚིག་ད་ལྟ་བའི་མཐར་ཏེ་ཅན། དཔེར་ན། ལུནཱིཏེ་ལྟ་བུའོ། །ད་ལྟ་འདིར་བཤད་པ་ནི་བདག་གཞན་གཉིས་ཀྱི་ད་ལྟ་བ་དང་སྐྱེས་བུ་དང་པོའི་གཅིག་ཚིག་ཁོ་ན་ཡིན། དེ་བཞིན་སྐྱེས་བུ་དང་པོའི་གཉིས་ཚིག་དང་མང་ཚིག་ལའང་ཕྲད་ལོགས་སུ་ཡོད། དེས་ན་བདག་གཅིག་པུར་སྐྱེས་བུ་དང་པོ་ལ་གསུམ། བར་པ་ལ་གསུམ། མཆོག་ལ་གསུམ་ཡོད་པས་དགུར་གྱུར། དེ་བཞིན་གཞན་ལའང་དགུ་ཡོད་པས་བསྡོམས་ཏེ་ཕྲད་བཅོ་བརྒྱད་ཡོད། ཕྲད་ཀྱི་ཐོག་མ་ཏི་དང་མཐའ་མ་ང་ཡིན་པས་དེ་དག་ལ་ཏིངནྟ་ཟེར། འདིར་ཕྲད་བཅོ་བརྒྱད་བྲིས་ཡོད་པས་ལན་གཅིག་གཟིགས་དང་།
གཞན་གྱི་ཚིག་གི་ཕྲད། བདག་གི་ཚིག་གི་ཕྲད།
ཏིཔྲ་ ཏསྲ་ ཛྷི། ཏ་ ཨཱཏཱམྲ་ ཛྷ།
སིཔྲ་ ཐསྲ་ ཐ ཐཱསྲ་ ཨཱཐཱམྲ་ དྷྭམྲ།
མིཔྲ་ ཝསྲ་ མསྲ། ཨིཊྲ་ ཝཧིངྲ་ མཧིངྲ་།

དེས་ན་བོད་ཀྱི་བདག་གཞན་དང་ལེགས་སྦྱར་གྱི་བདག་གཞན་ལ་འབྲེལ་བ་མེད་པ་ཆེས་ཤིན་ཏུ་གསལ་ལོ། བྱ་ཚིག་འདི་དག་ལ་ཀྲིཡཱ་པདམ་ཟེར། ཀྲིཡཱཔ་དམ་སོང་ཙང་བྱ་ཚིག་ལ་རྟགས་ཀྱི་ཁྱད་པར་མེད། འདིར་གང་ཞིག་ཤོད་འདོད་པ་དེ་ནི་བོད་ཀྱི་བརྡ་སྤྲོད་ནང་བཤད་པའི་བདག་གཞན་དང་ལེགས་སྦྱར་ནང་བཤད་པའི་བདག་གཞན་གཉིས་ལ་འབྲེལ་བ་མེད་ཅེས་པ་འདི་ཡིན།
ལེགས་སྦྱར་ནང་ཡོད་པའི་གསུང་རབ་མཐའ་དག་བོད་ཡིག་ནང་ཚུལ་བཞིན་འབྲི་ཐུབ་པས་མ་ཚད་འདོན་ཡང་ཐུབ་ཀྱི་ཡོད། འདི་ལ་སྔགས་ཡིག་དང་སྔགས་ཀློག་ཟེར། འོན་ཀྱང་བོད་ཡིག་གསུང་རབ་རྣམས་ལེགས་སྦྱར་ནང་ཚུལ་བཞིན་འབྲི་རྒྱུ་ཡོངས་གྲགས་མ་ཆགས་པས་མ་ཚད་ཀློག་འདོན་ནི་དེ་བས་དཀའ་བ་ཡིན། དཔེར་ན། རྔ་དང་མངའ། རྙ་དང་གཉའ། རྣ་དང་གནའ། རྨ་དང་དམའ། གཡག་དང་གཡང༌། ཟ་དང་གཟའ། ཞོ་དང་གཞོན། འོ་མ་དང་འོ་ལགས་སོ། །ལ་སོགས་པ་རྣམས་བཙན་ཐབས་ཀྱིས་ལེགས་སྦྱར་ནང་འབྲི་བའི་དབང་དུ་བཏང་ཡང་སྒྲ་ཇི་བཞིན་འདོན་ཐུབ་པ་ནི་ནམ་མཁའི་པདྨོའི་སྤུན་ཟླར་གྱུར། ལེགས་སྦྱར་ནང་དབྱངས་ཀྱི་མཚམས་སྦྱོར་ཡོད་ཅིང་། མཚམས་སྦྱོར་མེད་པའི་དབྱངས་རང་མཚན་པ་ནི་ཨ་དང་ཨི་ཨུ་རྀ་ལྀ་ཁོ་ན་ཡིན། དབྱངས་གཞན་རྣམས་ནི་དབྱངས་འདྲ་བ་དང་འདྲ་བ་མ་ཡིན་པའི་མཚམས་སྦྱོར་ལས་གྲུབ། འོན་ཀྱང་བོད་སྐད་ནང་དབྱངས་ཀྱི་གྲངས་ནི་ལྔར་ངེས་ཤིང་། དེ་དག་དབྱངས་རང་མཚན་པ་ཡིན་ཏེ་ཨེ་དང་ཨོ་ལ་མཚམས་སྦྱོར་བཤད་དུ་མེད་པའི་ཕྱིར། གལ་ཏེ་ཨེ་ལྟ་བུ་དབྱངས་རང་མཚན་པར་མ་བསམས་ཚེ། སུམ་ཅུ་པའི་སྐབས། ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །དེ་ལ་ཨཱ་ལི་གསུམ་པ་སྦྱར། །དེ་ནི་ལྷག་མ་དང་བཅས་པའོ། །ཞེས་པའི་སྐབས་“ཏེ་སྒྲ་”་ལས་ལྡོག་སྟེ་“སྟཻ་སྒྲ་”འགྲུབ་པར་ངེས། བོད་ཡིག་གི་ས་ཏ་བཏགས་ནི་དབྱངས་དང་བཅས་ཏེ། མིང་གཞི་ཡིན་པའི་ཕྱིར། འདིར་གུག་ཀྱེད་གང་རུང་མེད་པས་དབྱངས་ཨར་ངེས་ཤིང་། ཨ་ལ་ཨེ་མཚམས་སྦྱོར་བྱུང་བས་ཨཻ་རུ་འགྱུར་བ་ནི་དབྱངས་མཚམས་སྦྱོར་གྱི་སྤྱིའི་ལུགས་སོ། །དེ་ཡང་ལས་དང་པོ་བའི་སྒྲ་མདོ་ལས། ཨ་དང་ཨཱ་གང་རུང་ཨེ་དང་མཚམས་སྦྱོར་བྱུང་ན་ཨཻར་འགྱུར་བ་ཡིན། ཞེས་གསུངས་པའི་ཕྱིར། ལེགས་སྦྱར་ནང་བར་གནས་ཀྱི་ཡི་གེ་ཡ་ར་ལ་ཝ་རྣམས་མཚམས་སྦྱོར་གྱི་དབང་གིས་སྐབས་རེ་དབྱངས་ཀྱི་ངོ་བོར་ཡང་འགྱུར་གྱི་ཡོད། དེས་ན་ཡི་གེ་བཞི་པོ་འདི་དག་ནི་དབྱངས་དང་གསལ་བྱེད་བར་གྱི་ཡི་གེར་འཇོག་ཏུ་རུང་བས་ན་བར་གནས་ཀྱི་ཡི་གེ་ཞེས་བཏགས་པའོ། །སྔོན་གྱི་སྒྲ་མདོ་རྣམས་སུ་མཐར་གནས་ཀྱི་ཡི་གེ་ཞེས་སྨྲས་ཀྱང་གང་གི་མཐར་གནས་པའི་རྒྱུ་མཚན་གང་ཞིག་བཤད་པ་དེ་དག་ཀྱང་འཐད་ལྡན་དུ་མ་མཐོང་།
བོད་ཡིག་ལ་ནི་ཡ་ར་ལ་ཝ་བཞི་པོའི་བྱེད་ལས་སུ་དབྱངས་ཀྱི་བཤད་པ་ཡོད་པ་ཡེ་ནས་མ་གྲགས། དེར་བརྟེན་བོད་ཡིག་གི་དབང་དུ་བྱས་ན་ཡི་གེ་བཞི་པོ་དེ་དག་ལ་བར་གནས་ཀྱི་ཐ་སྙད་འདོགས་སུ་མེད་པས་ལེགས་སྦྱར་རྐྱང་པའི་དབང་དུ་བྱས་ནས་དེ་དག་ལ་བར་གནས་ཀྱི་ཐ་སྙད་ཐོགས་པ་ཡིན། གསལ་བྱེད་ཀྱི་མཚམས་སྦྱོར་ནི་ལེགས་སྦྱར་དང་བོད་ཡིག་གཉིས་ཀར་ཡོད་ཅིང་།འོན་ཀྱང་མང་ཉུང་གི་དབང་དུ་བྱས་ན་ལེགས་སྦྱར་ནང་གསལ་བྱེད་ཡོངས་རྫོགས་ལ་མཚམས་སྦྱོར་ཡོད་ཀྱང་། བོད་སྐད་ནང་གསལ་བྱེད་ཉི་ཚེ་བ་ལ་མ་གཏོགས་མཚམས་སྦྱོར་མེད།།
དེ་ཡང་། ར་མགོ་དང་ལ་མགོ་ས་མགོ །ཡ་བཏགས་དང་ར་བཏགས་ལ་བཏགས་ཝ་བཏགས་རྣམས་གསལ་བྱེད་མཚམས་སྦྱོར་དུ་བཞག་ཆོག །ལེགས་སྦྱར་དང་ཧིནྡཱིའི་སྐད་ཡིག་ནང་གསལ་བྱེད་མཚམས་སྦྱོར་གྲུབ་པའི་མཚན་གཞིར་ཀྵ་དང་ཏྲ་དང་ཛྙ་གསུམ་འཇོག་པ་ཡིན། དེ་ལས་གཞན་པའི་མཚམས་སྦྱོར་མེད་པའི་དོན་གཏན་ནས་མིན། །ལེགས་སྦྱར་གྱི་སྣ་ལྡན་གསལ་བྱེད་རྣམས་གསལ་བྱེད་ཕྱེད་ཀར་བེད་སྤྱོད་གཏོང་སྐབས་དེང་གི་འབྲི་ཚུལ་ཞིག་ཏུ་སྔ་མའི་གསལ་བྱེད་ཀྱི་སྟེང་དུ་ཐིག་ལེའི་རྟགས་ཤིག་འབྲི་བ་ཡིན། དེར་བརྟེན་ངག་འདོན་བྱེད་སྐབས་སྣ་ལྡན་གསལ་བྱེད་གང་ཡིན་ངོས་འཛིན་ཅུང་ཟད་དཀའ་བ་ཡོད། འོན་ཀྱང་ཐིག་ལེའི་རྟགས་ཅན་གང་དུ་རྗེས་མའི་གསལ་བྱེད་ཀྱི་སྣ་ལྡན་ལྟར་ཀློག་ན་ཕལ་ཆེ་བར་འགྲིགས། དཔེར་ན། གཾགཱ་ལྟ་བུར་གངྒཱ་དང་། མཾཇུ་ལྟ་བུར་མཉྫུ། ཅཾཌཱལ་ལྟ་བུར་ཅཎྜཱལ། ཏཾཏྲ་ལྟ་བུར་ཏནྟྲ། པཾཌིཏ་ལྟ་བུར་པཎྜི་ཏ་ཞེས་ཀློག་འདོན་བྱེད་པ་ནི་མཁས་པའི་ལུགས་སོ། ཁྱབ་པ་ནི་མེད་དེ། སྣ་ལྡན་གང་ཞིག་གི་རྗེས་མའི་གསལ་བྱེད་དེར་གཏོགས་སྣ་ལྡན་གྱི་ཡི་གེ་མེད་ཚེ་ཐིག་ལེའི་རྟགས་ཅན་གྱི་གསལ་བྱེད་དེ་ཀློག་སྟངས་ངེས་གཏན་ཞིག་སྔོན་ཚུད་ནས་ཤེས་པར་དཀའ། སཾསྐྲྀཏ་ལྟ་བུར་མཚོན་ན་སམྲསྐྲྀཏ་ཞེས་མྲ་སྒྲའི་གདངས་ཤིག་འདོན་དགོས་ཀྱང་། གོང་གི་རྒྱུ་མཚན་ནི་འདིར་མེད་དེ་ཐིག་ལེའི་རྟགས་ཅན་གྱི་རྗེས་མའི་གསལ་བྱེད་དེ་ས་ཡིན་པས་ས་ནི་དྲོ་བའི་ཡི་གེ་ཡིན་པར་བརྟེན་དེ་ཡི་སྡེ་ཚན་དུ་སྣ་ལྡན་གྱི་ཡི་གེ་མེད་པས་སོ། །དེས་ན་སྐབས་འདིར་བོད་ཀྱི་གཏམ་དཔེ་བཞིན་ཡིག་ཕྱེད་གོ་བས་ཀློག་ཅེས་པ་དེ་ཉིད་བསམ་བློ་གཏོང་དགོས་པ་ཡིན། །འཛམ་གླིང་གི་སྐད་ཡིག་གཞན་གང་གི་ནང་དུའང་མེད་ཅིང་ལེགས་སྦྱར་ཁོ་ནར་ཡོད་པའི་ཁྱད་ཆོས་གཅིག་པུ་དེ་ནི་ཇི་ལྟར་འདོན་པ་བཞིན་འབྲི་རྒྱུ་ཡོད་པ་དང་ཇི་ལྟར་འབྲི་བ་བཞིན་འདོན་རྒྱུ་ཡོད་པ་དེ་ཡིན། རྒྱུ་མཚན་དེའི་ཕྱིར་ལེགས་སྦྱར་གྱི་སྒྲ་གཞུང་ལྟར་ན་གཾགཱ་བྲིས་པ་ནོར་བ་ཡིན་ཅིང་། གངྒཱ་ཞེས་འབྲི་དགོས་སོ། །ལེགས་སྦྱར་དུ་མམ་དང་མམྲ་གཉིས་ཀློག་འདོན་མི་འདྲ། དང་པོར་ཚེག་བར་གཉིས་ཀྱི་ཀློག་འདོན་བྱེད་དགོས། དཔེར་ན་བོད་སྐད་དུ་མ་མ་ལྟ་བུ་ཀློག་འདོན་བྱེད་པ་དང་མཚུངས། ཕྱི་མ་ཚེག་བར་གཅིག་ཏུ་འདོན་དགོས། དཔེར་ན་བོད་སྐད་དུ་མམ་གྱི་ཀློག་འདོན་བྱེད་པ་དང་མཚུངས། ཧིནྡཱིའི་ཀློག་འདོན་དུ་ཡིག་འབྲུའི་སྟེང་དུ་ཐིག་ལེ་ཡོད་གྱུར་ན་ཉ་མ་ང་ཎ་ན་གང་རུང་ཡིན་སྲིད། འོན་ཀྱང་ལེགས་སྦྱར་གྱི་སྐད་དུ་ཡིག་འབྲུའི་སྟེང་དུ་ཐིག་ལེེ་ཡོད་གྱུར་ན་མཐའ་གཅིག་ཏུ་མྲ་ཡིན་དགོས། འོན་ཀྱང་ནམ་ཞིག་མྲ་དང་ནམ་ཞིག་ཐིག་ལེ་འབྲི་དགོས་པའི་ལམ་སྟོན་ནི་འདི་ལྟ་སྟེ། གལ་ཏེ་ཡིག་འབྲུ་ཞིག་གི་སྡེ་པ་ལྔ་པའི་སྣ་ལྡན་འབྲི་དགོས་པ་གང་ཞིག་ལ་དེ་ཡི་རྗེས་སུ་གསལ་བྱེད་ཅིག་ཡོད་གྱུར་ན་ཐིག་ལེ་འབྲི་དགོས་པ་ལས་མྲ་འབྲི་མི་རུང་། དཔེར་ན། ཨཧཾ་ གཅྖཱམི་ལྟ་བུ་དང་། གལ་ཏེ་ཡིག་འབྲུ་ཞིག་གི་སྡེ་པ་ལྔ་པའི་སྣ་ལྡན་འབྲི་དགོས་པ་གང་ཞིག་ལ་དེ་ཡི་རྗེས་སུ་དབྱངས་ཤིག་ཡོད་གྱུར་ན་མྲ་ཡིག་འབྲི་དགོས་པ་ལས་ཐིག་ལེ་འབྲི་མི་རུང་། དཔེར་ན། ཨཧམྲ ཨགཅྖཱམི་ལྟ་བུའོ། །དེ་བཞིན་ཚིག་གྲུབ་དང་ཚིགས་བཅད་ཀྱི་མཐར་སྡེ་པ་ལྔ་པའི་སྣ་ལྡན་འབྲི་དགོས་པ་ཆགས་ཚེ་མྲ་སྲོག་མེད་ཉག་ཅིག་འབྲི་དགོས་པ་ལས་ཐིག་ལེ་ནམ་ཡང་འབྲི་མི་རུང་། མདོར་ན་ཐིག་ལེས་མྲ་ཁོ་ན་ལས་གཞན་གྱི་སྣ་ལྡན་གྱི་དོད་དུ་འབྲི་མི་རུང་། དེ་ལྟར་མང་པོ་བྲིས་པར་གྱུར་ན་གནའ་སྔ་མོར་ནང་པའི་གཞུང་གི་ལེགས་སྦྱར་གྱི་སྐད་ཡིག་དེ་འདྲེས་མའི་ལེགས་སྦྱར་སྐད་ཡིག་རེད་ཟེར་བའི་ཟུར་ཟའི་མདའ་མོ་དེ་འཕངས་མྱོང་།།
སྐད་ཡིག་གཉིས་ཀྱི་མི་འདྲ་ས་གཙོ་བོ་ནི་སྐད་ཀྱི་གཤིས་ཀ་ཐ་དད་ཡིན་པ་དེར་ཐུག །སྐད་ཀྱི་གཤིས་ཀ་ཞེས་པ་ནི་སྐད་ཀྱི་རང་བཞིན་ལྷན་སྐྱེས་ཀྱི་སྡེབ་སྦྱོར་ལ་གོ་བ་ལས་བཙན་ཐབས་ཀྱིས་སྦྱོར་ས་མེད། དེར་བརྟེན་ལེགས་སྦྱར་གྱི་རྣམ་དབྱེ་གཉིས་པ་ཡིན་ན་བོད་སྐད་དུ་རྣམ་དབྱེ་གཉིས་པ་ཡིན་མི་དགོས་ཤིང་། དེ་བཞིན་བོད་སྐད་དུ་རྣམ་དབྱེ་བཞི་པ་ཡིན་ན་ཡང་ལེགས་སྦྱར་དུ་རྣམ་དབྱེ་བཞི་པ་ཡིན་མི་དགོས། འདི་ལྟའི་གནད་མི་ཤེས་པའི་རྒྱུ་མཚན་ལ་བརྟེན་ནས་བསྟན་བཅོས་འགའ་ཞིག་གི་འགོར་སུམ་རྐང་བྲིས་ཀྱང་དེར་བཞུགས་པའི་ལེགས་སྦྱར་གྱི་ཚིགས་བཅད་དེ་པཎྜི་ཏ་ལ་ཡེ་ནས་མ་གྲགས་པའི་ཚིགས་བཅད་ཡ་མ་ཟུང་ཞེ་གཅིག་ཏུ་གྱུར་པ་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས་གསུངས་སོ།།
དེས་ན་སྐད་གཉིས་ཀྱི་གཤིས་ཀ་མི་མཐུན་པའི་རྒྱུ་མཚན་ལ་བརྟེན་ནས་བོད་སྐད་དང་ལེགས་སྦྱར་དབར་རྣམ་དབྱེ་གཅིག་པ་མིན་པར་མ་ཟད་སྡེབ་སྦྱོར་གྱི་གོ་རིམ་ཡང་མི་གཅིག །ལེགས་སྦྱར་ནི་འཛམ་གླིང་གི་ཐོག་མའི་སྒྲ་རིག་གྲས་སུ་བགྲངས་ཤིང་། དེ་ཡི་སྟེང་རྒྱ་གར་གྱི་སྒྲ་པ་མང་པོས་སྔ་ཕྱིར་བཤད་པ་པོ་ཏི་མང་པོ་མཛད་ཡོད། དེས་ན་སྒྲ་རིག་གཞན་ལས་མ་ལག་ཚང་བར་ངོས་འཛིན་བྱེད། རང་རེ་བོད་ཀྱི་སྒྲ་རིག་ནི་ཡོངས་གྲགས་བཤད་སྲོལ་ལྟར་ན་མི་ལོ་བརྒྱ་ཕྲག་བཅུ་བཞིའི་དུས་ཡུན་ནང་འཚར་ལོངས་བྱུང་བ་ཞིག་ཡིན་པར་བརྟེན་ལག་ལེན་གྱི་ཁྲོད་དུ་ཞན་ཆ་ཏིལ་འབྲུ་ཙམ་ཡང་མེད་པའི་དབང་དུ་བཏང་ཡང་བརྡ་སྤྲོད་ཀྱི་བཤད་པའི་དབང་དུ་བཏང་ཚེ་ད་དུང་ཡང་ཁ་སྣོན་དང་ཡར་རྒྱས་མང་པོ་གཏོང་དགོས་པ་ཡོད། ལག་ལེན་གྱི་ཁྲོད་དུ་བོད་ཀྱི་སྐད་ཡིག་དེ་སྐད་ཡིག་ཆེས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད། དེ་ལྟར་ཡིན་པ་ཡང་སྐད་ཡིག་འདི་ནང་བཞུགས་པའི་རྩོམ་རིག་གི་བོངས་ཚད་དང་། བརྗོད་བྱའི་ཁྱབ་ཚད། སྐད་ཡིག་གི་སྒྱུ་རྩལ་ལ་བརྟེན་ནས་རྣམ་རྟོག་ཆེས་ཕྲ་ཞིང་ཕྲ་བ་ཡང་སྐད་ཡིག་འདི་ནང་ཚུལ་བཞིན་སྤྱོད་ཐུབ་པ་ཡིན། དང་པོ་བོངས་ཚད་ལ་མཚོན་ན་སྙན་ངག་ནས་བཤད་པ་བཞིན་རི་བོའི་གཏོས་དང་མཉམ་པ་ཡོད། འདི་ཡི་མཚན་གཞིར་བཀའ་འགྱུར་དང་། བསྟན་འགྱུར། བཀའ་འབུམ་དང་གསུང་འབུམ་ལ་སོགས་བཞག་ཆོག །བརྗོད་བྱའི་ཁྱབ་ཚད་ལ་མཚོན་ན་ཡང་མངོན་མཐོ་ངེས་ལེགས་ཀྱི་བརྗོད་བྱ་ཕུན་སུམ་ཚོགས་པས་མ་ཚད་འཇིག་རྟེན་ཉེར་སྤྱོད་ཀྱི་ཐུན་མོང་རིག་གནས་སྒྲ་ཚད་བཟོ་གསོ་ལ་མཚོན་ན་ཡང་བརྗོད་བྱ་བསམ་གྱིས་མི་ཁྱབ་པ་ཡོད། དེ་བཞིན་སྐད་ཡིག་གི་སྒྱུ་རྩལ་ལ་བརྟེན་ནས་རྣམ་རྟོག་གི་འགྱུ་བ་ཆེས་ཕྲ་མོ་ཡང་སྐད་ཡིག་འདི་ནང་བདེ་བླག་ཏུ་ཕབ་ཐུབ་སྟེ་བདག་ཅག་གི་སྟོན་པ་འཇིག་རྟེན་གྱི་ཁམས་འདིར་མ་བྱོན་སྔོན་སུ་གང་གིས་ཀྱང་མ་གསུངས་པའི་བདག་མེད་ཀྱི་ལྟ་བའི་གནད་ཀྱི་མཐར་ཐུག་པ་ཡང་སྐད་ཡིག་འདི་ནང་ཚུལ་བཞིན་བཀྲལ་ཐུབ་ཡོད། པཎྜི་ཏས་བཤད། ལོ་ཙཱ་བས་བསྒྱུར། རྣལ་འབྱོར་པས་བསྒོམས་ཏེ་ས་ལམ་གྱི་བགྲོད་པ་མཐར་ཕྱིན་པའི་སྐྱེས་བུ་རྗེ་བཙུན་མི་ལ་ལ་སོགས་པ་བྱུང་བ་ནི་སྐད་ཡིག་འདི་ནང་ལྟ་བའི་རྣམ་གཞག་མཐར་ཐུག་པ་སྟོན་པའི་སྒྲུབ་བྱེད་ཡང་དག་ཡིན། སྐད་ཡིག་འདི་ནང་རྣམ་གཞག་ཕྲ་ཞིང་ཕྲ་བ་གཏན་ལ་འབེབས་པའི་ནུས་པ་ཡོད་པས་མ་ཚད་དབྱངས་ལྔ་ལས་དབྱངས་ཨ་གཅིག་པུར་བེད་སྤྱད་ན་ཡང་ཟབ་མོ་དབུ་མའི་ལམ་དང་འབྲེལ་བ་དམ་པའི་ཆོས་ཀྱི་གནས་ལུགས་རྒྱ་ཆེན་པོ་གཏན་ལ་འབེབས་ནུས་པ་ཡིན། འདི་ཡི་མཚན་གཞིར་རྗེ་བདག་ཉིད་ཆེན་པོས་མཛད་པའི་བཤེས་གཉེན་སྦ་བ་ལ་གདམས་པ་ཨའི་དབྱངས་ལ་ངེས་པའི་གཞུང་དེ་བཞག་ཆོག། དེས་ན་སྐད་ཡིག་གི་དབང་དུ་བྱས་ན་ང་ཚོ་ནམ་ཡང་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་དེ་བདེན་པ་ཉག་ཅིག་ཡིན། དེ་ལྟ་ན་ཡང་ཤེས་བྱ་གསར་པ་ཇི་སྙེད་ཅིག་བོད་སྐད་ནང་དུ་བཞུགས་མེད་པ་འདི་ཡང་བདེན་པའི་ལྡོག་པ་གཞན་ཞིག་ཡིན་ན་ང་ཚོས་ཁས་ལེན་པར་བྱའོ།།
འོན་ཀྱང་བརྡ་སྤྲོད་ཀྱི་བཤད་པའི་དབང་དུ་བྱས་ན་ད་དུང་ཡང་ཁ་སྣོན་དང་ཡར་རྒྱས་མང་པོ་གཏོང་དགོས་པ་ཡོད། དཔེར་ན། བོད་ཀྱི་བརྡ་སྤྲོད་ནང་བརྡ་སྤྲོད་ཀུན་ལ་ཡོད་པའི་མིང་དང་ཀུན་མིང་ངམ་མིང་ཚབ། ཁྱད་ཚིག བྱ་བ་ལ་སོགས་པའི་ཁྱད་ཆོས། གྲངས་ཚིག དུས་གསུམ་གྱི་རབ་དབྱེའི་འགྲོ་སྟངས་ཆ་ལག་ཚང་བ་སོགས་མེད་པ་ནི་བདེན་པ་ཡིན། འདི་དག་ནི་ལེགས་སྦྱར་གྱི་བརྡ་སྤྲོད་ནས་སམ་ཡང་ན་སྐད་ཡིག་གཞན་ཞིག་གི་བརྡ་སྤྲོད་ནས་ཁ་སྐོང་དགོས།།
ཆོས་ཅན་བརྗོད་པའི་སྒྲ་དང་ཆོས་བརྗོད་པའི་སྒྲ་ལྟ་བུ་མིང་དང་ཁྱད་ཚིག་བཤད་ཀྱི་ཡོད་ཀྱང་། བརྡ་སྤྲོད་ཀྱི་གཞུང་ནང་འདི་དག་གི་བཤད་པ་སླེབས་པ་ནི་ཤིན་ཏུ་ཉུང་། ཆོས་ཅན་བརྗོད་པའི་སྒྲ་ནི་མིང་གི་ངོ་བོ་ཙམ་སྟོན་པ་ལ་གོ་ཞིང་། དེ་དག་གི་དབྱེ་བ་བརྗོད་པའི་སྐབས་དངོས་མིང་དང་། བཏགས་མིང་། འདོད་རྒྱལ་དང་རྗེས་གྲུབ་སོགས་ཀྱི་བཤད་པ་རྣམས་ཡོངས་གྲགས་ཀྱི་བརྡ་སྤྲོད་ནང་འཁོད་མེད། དེ་དག་གི་བཤད་པ་རྒྱས་པ་ནི་ཚད་མའི་བསྟན་བཅོས་ནང་རྒྱས་པར་བཤད་ཡོད། མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ནི་བརྡ་སྤྲོད་ཀྱི་འགྲེལ་པ་རྒྱས་ཤོས་ལྟ་བུར་བརྩི་གི་ཡོད་ཀྱང་། དེ་ཡི་ནང་དུ་ཡང་གོང་དུ་བཤད་པའི་མིང་གི་རབ་དབྱེ་དང་ཀུན་མིང་ངམ་མིང་ཚབ། ཁྱད་ཆོས་དང་བྱ་བའི་ཁྱད་ཆོས་ལྟ་བུའི་རྣམ་གཞག་དངོས་སུ་ལྟ་ཅི་ཤུགས་ཀྱིས་སྟོན་པ་ཡང་མངོན་པར་མི་གསལ། སྦས་ཏེ་བསྟན་ཡོད་ན་ནི་མི་ཤེས། ལེགས་སྦྱར་གྱི་ཡི་གེ་བོད་ཡིག་ནང་ཇི་བཞིན་ཕབ་ཐུབ་ན་རྒྱ་གར་གྱི་མི་མིང་ས་མིང་དང་། སྔགས་ཡིག་རྣམས་ཚུལ་བཞིན་འབྲི་ཀློག་ཐུབ་ངེས་ཡིན། འདི་ཡི་གོ་དོན་ནི་འདི་ཙམ་ལ་བརྟེན་ནས་ལེགས་སྦྱར་གྱི་འབྲི་རྩོམ་གྱི་ནང་དོན་ཤེས་ཐུབ་པའི་དོན་གཏན་ནས་མིན། དབྱིན་ཡིག་རྣམས་བོད་ཡིག་ནང་དག་ཆ་སོར་བཞག་གིས་འབྲི་མི་ཐུབ་ཀྱང་དབྱིན་ཡིག་ནང་བོད་ཡིག་དག་ཆ་སོར་བཞག་གིས་འབྲི་ཐུབ། དབྱིན་ཡིག་བོད་ཡིག་ནང་དག་ཆ་སོར་བཞག་འབྲི་བར་འབད་རྩོལ་བྱེད་མཁན་རེ་ཟུང་བྱུང་ཡོད་ཀྱང་འདི་ནི་འབད་པ་དོན་མེད་ཡིན་པ་རང་ཉིད་སེམས་སོ།།

དྲི་བ། དུས་རབས་ཉེར་གཅིག་འདིར་སུམ་རྟགས་གཉིས་དགོས་མཁོ་མེད་པར་གླེང་མཁན་འདུག་ན་འདིའི་ཐད་དགོངས་ཚུལ་ཅི་འདྲ་ཡོད།

ལན། ཁོང་རྣམས་ལ་བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་པའི་ལམ་སྟོན་ཞུ་རྒྱུ་ལས་མ་འདས། དེ་དག་གིས་སུམ་རྟགས་ཞེས་པའི་ཐ་སྙད་དེ་རང་གི་རྣ་བས་ཐོས་པ་དང་རྟོག་པར་ཤར་བའི་སྐབས་སྒྲ་དོག་པའི་དབང་དུ་བྱས་ནས་ཐོན་མིས་མཛད་པའི་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་དང་། དེ་བཞིན་དེ་དག་གི་དགོངས་འགྲེལ་དང་བཅས་པ་ཁོ་ནར་གོ་བ་མ་གཏོགས་སུམ་རྟགས་ཞེས་པ་བོད་ཀྱི་སྐད་དང་ཡི་གེ་སྤྱིའི་འགྲོ་སྟངས་སྟོན་པའི་གཞུང་ངམ་ལག་ལེན་མཆིས་སོ་ཅོག་ལ་མ་གོ་བས་ལན་པ་རེད། དེ་མིན་སུམ་རྟགས་གཉིས་དགོས་མཁོ་མེད་རབས་ཤོད་མི་སྲིད། གཞི་ནས་གཞལ་ཡས་ཁང་གི་རྨང་གཞི་དགོས་མཁོ་མེད་ཅིང་། གང་ཞིག་དགོས་མཁོ་ཡོད་པ་དེ་ནི་གཞལ་ཡས་ཁང་རང་གི་མིག་ལམ་དུ་གྱུར་པ་ཁོ་ནར་ཟད་ཅེས་པ་དང་གཉིས་སུ་མ་མཆིས། བོད་ཀྱི་ནང་བསྟན་གསུང་རབ་ཀྱི་གཞལ་ཡས་ཁང་ངམ་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་དེ་སུམ་རྟགས་ཀྱི་རྨང་གཞིའི་སྟེང་བཞེངས་ཡོད་པ་བློ་ངོར་མ་ཆུབ་པའི་དབང་གིས་དེ་ལྟར་སྨྲས་པར་ཟད། འཛམ་གླིང་གི་སྐད་དང་ཡི་གེ་གང་འདྲ་ཞིག་ཡིན་ཀྱང་རང་རང་གི་བརྡ་སྤྲོད་གཞི་རྩར་བྱས་ཏེ་བཞེངས་པ་རྐྱང་རྐྱང་རེད་མ་གཏོགས་བརྡ་སྤྲོད་གཞི་མར་མ་བྱས་པའི་སྒྲ་སྦྱོར་གྱི་སྐད་ཡིག་ཕལ་ཆེར་མེད་པ་རེད། བོད་ཀྱི་བརྡ་སྤྲོད་ཀྱི་རྩ་བའི་གཞུང་གཉིས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་རྣམ་གཉིས་ཡིན་པར་བརྟེན་ང་ཚོས་བོད་ཀྱི་སུམ་རྟགས་སྦྱོང་གི་ཡོད་ཅེས་པ་དེ་ཡི་གོ་དོན་བོད་ཀྱི་བརྡ་སྤྲོད་སྦྱོང་གི་ཡོད་ཅེས་པ་དེ་ཡིན།།
འོ་ན་བརྡ་སྤྲོད་རྐྱང་པ་སྦྱངས་པས་སྐད་ཡིག་འཐུས་ཚང་དུ་གྱུར་ཏམ་ཞེ་ན་དེ་ལྟར་མིན་པ་ནི་ཟུར་བལྟས་ལེབ་མཐོང་རེད། སུམ་རྟགས་ཀྱི་རྨང་གཞིའི་སྟེང་ནས་རྩོམ་རིག་གི་བློས་བསླངས་བཞེངས་དགོས་པར་སུ་ལ་ཡང་དོགས་པ་མེད། སུམ་རྟགས་ཀྱི་ནང་དུ་དབྱངས་གསལ་གྱི་ཡི་གེའི་སྐྱེ་གནས་ནས་འགོ་བཙུགས་ཏེ་སྦྱར་བྱ་ཡི་གེའི་རྣམ་གཞག་སྟེ་མགོ་འདོགས་དང་མཐུག་ལོག་གི་ཡི་གེ དེ་བཞིན་སྔོན་རྗེས་མིང་གསུམ་གྱི་རྟགས་ཀྱི་ངོས་འཛིན། ཕྲད་དང་རྣམ་དབྱེ། བྱ་ཚིག་ལས་འཕྲོས་ཏེ་བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ། རྟགས་མཚུངས་དང་བརྗོད་བདེ་ལ་སོགས་པའི་རྣམ་གཞག་ངོ་སྤྲོད་བྱེད་ཀྱི་ཡོད་ན་འདི་དག་སྦྱོང་དགོས་མ་རེད་ཅེས་སྨྲས་པར་གྱུར་ན་འཐད་པ་ཏིལ་འབྲུ་ཞིག་ཀྱང་མི་སྣང་། ཡང་འགའ་ཞིག་གིས་སུམ་རྟགས་ནི་དུས་རབས་བདུན་པའི་ནང་བརྩམས་ཤིང་། ང་ཚོ་ནི་དུས་རབས་ཉེར་གཅིག་ནང་འཚོ་བཞིན་པ་ལགས་ན་དེང་གི་དུས་སུ་སུམ་རྟགས་ཀྱི་དགོས་མཁོ་མེད་ཅེས་གལ་ཏེ་བླུན་པོ་རེ་ཟུང་གིས་འདི་ལྟར་སྨྲས་པར་གྱུར་པའི་དབང་དུ་བཏང་ན། གང་ཞིག་དགོས་མཁོ་ཡོད་མིན་ནི་དུས་ཁོ་ནའི་དབང་དུ་བྱས་ནས་མནོ་བསམ་གཏོང་མི་རུང་། དེ་ལྟར་ཡིན་ན་རང་ཉིད་གང་དུ་གནས་པའི་སྣོད་འདི་ཡང་དགོས་པ་མེད་པར་ཐལ་དུས་རབས་བདུན་པའི་སྔ་རོལ་དུ་ཡང་ཡོད་ཅིང་། ང་ཚོ་ནི་དུས་རབས་ཉེར་གཅིག་པའི་མི་ཡིན་ཞེས་ཤོད་དགོས་པར་ཐལ་བར་འགྱུར།།
ང་ཚོའི་སྐད་ཡིག་ནི་དུས་རབས་བདུན་པ་ནས་འགོ་འཛུགས་བྱུང་བ་ཞིག་གཏན་ནས་མིན་ཅིང་། དེ་ནི་བོད་དུ་མི་བྱུང་བ་ནས་བཟུང་སྟེ་སྐད་ཡིག་ལ་ཡང་འཕེལ་རིམ་བྱུང་ཡོད་པའི་ལོ་རྒྱུས་མེད་ཀྱང་དཔོག་ཐུབ་པའི་གནས་ཚུལ་ཞིག་ཡིན། དུས་རབས་བདུན་པའི་ནང་ཆོས་སྲིད་མངའ་ཐང་ཆེས་ཆེར་དར་བའི་རྒྱུ་མཚན་ལ་བརྟེན་ཡིག་སྲོལ་གསར་དུ་གཏོད་པ་ཙམ་ཞིག་ཡིན། བོན་གྱི་ལོ་རྒྱུས་ལྟར་ན་བོད་དུ་དེ་ཡི་གོང་ནས་ཀྱང་ཡིག་སྲོལ་ཡོད་པར་སྨྲ། དེ་ནས་ཡི་གེའི་འཕེལ་རིམ་ཡར་རྒྱས་རྩེ་མོར་སོན་པར་མ་ཟད་རིག་གནས་གསར་པ་ཆེ་ཆུང་མང་པོ་ཡང་ཡི་གེ་འདིའི་ནང་འབྲི་རྩོམ་ཐུབ་པ་བྱུང་སྟེ་ཁྱིམ་མཚེས་རྒྱལ་ཁམས་རྣམས་ཀྱང་འགྲམ་ཆུ་ལྡང་དགོས་པ་ཆགས་ཡོད། དེར་མ་ཟད་ཤེས་རིག་གི་ཚོགས་རྭ་དུ་མའི་ཁོངས་སུ་བསྲེགས་བཅད་བརྡར་བའི་གསེར་བཞིན་ཉམས་ཞིབ་དང་སྣོན་འཕྲི། དེ་བཞིན་འགྱུར་བ་དགོས་ངེས་མཛད་དེ་དེ་རིང་གི་བར་དུ་རྒྱ་ནག་དམར་པོའི་གཞུང་གིས་ཀྱང་གླགས་མ་འཁེལ་ཏེ་འཛམ་གླིང་གི་སྟེང་དུ་འོད་ཟེར་འཕྲོས་ཏེ་བཞུགས་ཡོད། སྐད་ཡིག་གཞན་དབྱིན་ཇི་ལྟ་བུ་ཡིན་ན་ཡི་གེའི་འཕེལ་རིམ་དེ་རྡོ་རྗེ་སྐེ་འཇུ་ལྟ་བུར་གྱུར་ཏེ་ལོ་ངོ་བརྒྱའི་སྔོན་གྱི་དབྱིན་ཇིའི་སྐད་ཡིག་བྲིས་མ་དེང་གི་དུས་སུ་གོ་བ་ལེན་དཀའ་བའི་ལོ་རྒྱུས་ཐོས་རྒྱུ་འདུག ང་ཚོ་བོད་ཀྱི་སྐད་ཡིག་ལ་མཚོན་ན་ལོ་ངོ་བརྒྱ་ཕྲག་དུ་མའི་སྔོན་དུ་བྲིས་པའི་ཡིག་ཆ་ཤིན་ཏུ་མང་པོ་ཡོད་པ་དེ་དག་དེང་གི་དུས་སུའང་ཚུལ་བཞིན་འབྲི་ཀློག་གོ་གསུམ་ཐུབ་པ་མངོན་སུམ་ཡིན། དཔེར་ན་མ་ཎི་བཀའ་འབུམ་ལྟ་བུ་ཉུང་མཐར་ལོ་ངོ་ཆིག་སྟོང་སྔོན་གྱི་ཡིག་ཆ་ཡིན་པ་ལོ་རྒྱུས་ཀྱི་བདེན་དཔང་ཐུབ་པས་མ་ཟད་ཉི་མ་དེ་རིང་གི་དུས་སུ་ཡང་ཡི་གེ་ཤེས་པ་ཀུན་འབྲི་ཀློག་གོ་གསུམ་བྱེད་པར་དཀའ་ངལ་ཅུང་ཟད་ཀྱང་མེད་དོ།།
༸རྒྱལ་བ་ཡིད་བཞིན་ནོར་བུའི་གསུང་ཞབས་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་སྐབས་ཤིག་འདི་ལྟར་གསུངས་པ་དྲན། སྔ་དུས་ཤིག་ན་དབྱིན་ཡུལ་དུ་བརྡ་སྤྲོད་གལ་ཆེར་བཟུང་སྟེ་བརྡ་སྤྲོད་ཀྱི་སློབ་གྲྭ་ཞེས་པ་དེ་འདྲ་ཡང་ཡོད་པ་དང་། བར་དེར་བརྡ་སྤྲོད་ནི་དམིགས་བསལ་མ་སྦྱངས་ཀྱང་རང་གི་སྐད་ཡིག་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཤེས་འགྲོ་བ་ཡིན་ཟེར་སྲོལ་སྣང་། དེ་ནས་ཕྱིས་སུ་གལ་ཏེ་བརྡ་སྤྲོད་མ་སྦྱངས་ན་གནས་ཚད་མཐོ་བའི་འབྲི་རྩོམ་བྱེད་སྐབས་དཀའ་ངལ་འཕྲད་པའི་ལོ་རྒྱུས་འདུག །གོང་གི་གསུང་འདི་ནས་ང་ཚོས་གང་ཞིག་ཤེས་ཐུབ་པ་ནི་རང་གི་སྐད་ཡིག་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་བརྡ་སྤྲོད་ཀྱི་རྨང་གཞི་དེ་རང་ཆས་སུ་ཡོད་པར་རྟོགས་ཀྱང་གལ་ཏེ་སྦྱངས་པར་མ་གྱུར་ན་མི་ཤེས་པ་ནི་རྒྱུ་མཚན་དགོད་དགོས་པའི་གསལ་བཤད་ཅིག་མིན། སློབ་དཔོན་ཆེན་མོ་ཐོན་མིས་ཀྱང་རྟགས་འཇུག་གི་མཇུག་ཏུ་བསྟན་བཅོས་འདིའི་དགོས་པ་བསྟན་པའི་སྐབས་འདི་ལྟར་གསུངས་ཏེ། ཇི་ལྟར་འཇིག་རྟེན་སེམས་ཅན་དག །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གྲུབ་མཐའ་གཞན་ཡང་ཡོད་ན་ཡང་། །རང་ཉིད་ཀྱིས་ནི་མི་ཤེས་བཞིན། །དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། །སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། །རང་ཚུལ་དེ་ཉིད་མི་ཤེས་པས། །དོན་ལ་སྦྱོར་བ་ག་ལ་ཤེས། །དེ་ཕྱིར་སྨྲ་བའི་དབང་ཕྱུག་གི །རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག །ཅེས་གཞུང་དུ་གསལ་ལོ།།

དྲི་བ། ཐུ་མིས་བརྩམས་པའི་སུམ་རྟགས་གཉིས་པོ་འདིར་སྐད་ཡིག་གཞན་གྱི་བརྡ་སྤྲོད་ལ་ལྟོས་འཇོག་གིས་ཞན་ཆའི་རིགས་གཟིགས་ཀྱི་ཡོད་མེད་ཅུང་ཟད་ཞིབ་ཀྱིས་གསུང་རོགས།

ལན། སློབ་དཔོན་ཐུ་མིས་བརྩམས་པའི་སུམ་རྟགས་གཉིས་པོ་འདིར་སྐད་ཡིག་གཞན་ལེགས་སྦྱར་གྱི་བརྡ་སྤྲོད་ལ་མཚོན་ནས་བཤད་ན་ཞན་ཆ་ངེས་པར་ཡོད། བོད་ཀྱི་བརྡ་སྤྲོད་ནང་ཤོད་དགོས་པ་དུ་མ་ཞིག་ད་དུང་བཤད་མེད་པས་སོ། །འོན་ཀྱང་ལག་ལེན་གྱི་ཁྲོད་དུ་ཞན་ཆ་ཏིལ་འབྲུ་ཙམ་ཡང་མེད། གང་ཞིག་ཞན་ཆར་གྱུར་པའི་དཔེ་མཚོན་ལྟ་བུ་ཞུས་ན། རང་རེའི་སྐད་དུ་བྱུང་དང་ཐོབ། ཆོག །དགོས་སོགས་ཀྱི་འཇུག་པ་རང་རེའི་བརྡ་སྤྲོད་དུ་མ་བཤད། འདི་དག་ནི་ལེགས་སྦྱར་དུ་སྐུལ་སྨོན་ཤོད་པའི་སྐབས་སུ་རྒྱས་པར་བཤད་ཡོད། དབྱིན་ཇིའི་བརྡ་སྤྲོད་ལ་མཚོན་ན་Moodཤོད་པའི་སྐབས་སུ་ཤོད་ཀྱི་ཡོད།

དྲི་བ། བོད་ཀྱི་སུམ་རྟགས་འདིར་འགྲེལ་པ་དང་ཡང་འགྲེལ་བརྒྱ་ཕྲག་བརྒལ་བ་མཐོང་རྒྱུ་འདུག་པ་འདིར་དགེ་སྐྱོན་གང་ཞིག་ཆེ་བར་ངོས་འཛིན་གནང་གི་ཡོད།

ལན། འགྲེལ་པ་ཇི་ཙམ་མང་ཡང་སྐྱོན་དུ་བརྩི་མི་རུང་། གཅིག་ན་ཁ་གསལ་མེད་པ་དེ་གཞན་ན་བཤད་ཡོད་པས་སོ། །ལྷག་པར་བཤད་པ་ནོར་བ་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་བཤད་པ་འགྲིགས་པ་རྣམས་ཐོན་འོང་བ་ཡིན། དེས་ན་དགོངས་པ་འདི་ལྟར་བཞེས་དགོས་སོ། །སྙན་གྲགས་ཅན་གྱི་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ལྟ་བུ་ཡང་ལེགས་བཤད་སྣང་བྱེད་ནོར་བུ་ལ་སོགས་པ་ལ་བརྟེན་ནས་བྱུང་ཞིང་། དེ་བཞིན་ནང་པའི་ལྟ་གྲུབ་ལ་མཚོན་ནའང་གྲུབ་མཐའ་འོག་མ་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་གྲུབ་མཐའ་གོང་མ་རྣམས་ཐོན་པ་མིན་ནམ། འོན་ཀྱང་རང་ཉིད་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་རྣམ་ཐར་སྐྱོང་མཁན་ཞིག་ཡིན་ན་ནི་ངས་ཚུལ་བཞིན་བརྗོད་མི་ཤེས་སོ།།

དྲི་བ། སུམ་རྟགས་གཉིས་པོ་བདེ་བླག་ངང་ཤེས་པའི་ཐབས་ལམ་དྲུག་ལས་མི་ཉུང་བ་ཞིག་གསུང་རོགས།

ལན།
༡ དང་པོ་ཀློག་ལ་མཐར་ཕྱིན་པ་དགོས། མགྱོགས་པོ་དང་གཅོད་མཚམས་མ་འཁྲུགས་
པར་ཀློག་ཐུབ་པ་དགོས། དེ་ཡི་ཆེད་དུ་སྦྱོར་ཀློག་མང་པོ་རྒྱབ་དགོས།
༢ དེ་ནས་བོད་སྐད་སྨྲ་བ་ལ་ཐོགས་པ་མེད་པ་དགོས།
༣ དེ་ནས་རྒྱུན་དུ་བོད་ཡིག་འབྲི་མཁན་ཞིག་ཏུ་ཆགས་དགོས།
༤ དེ་ནས་དེབ་རིགས་འདྲ་མིན་ཀློག་མཁན་ཞིག་ཏུ་འགྱུར་དགོས།
༥ བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ནང་ཆོས་བཅས་ལ་གོམས་འདྲིས་ཆེན་པོ་དགོས།
༦ མཐའ་མར་ལེགས་སྦྱར་སྐད་ལ་བྲོ་བ་ཅུང་ཟད་རྙེད་པ་ཞིག་དགོས་སོ། །དེ་མིན་སུམ་རྟགས་གཉིས་གཞན་ལ་འགྲེལ་བརྗོད་ཐེབས་ཀྱང་རང་གིས་འབྲི་བའི་སྐབས་སུ་མ་དག་པ་མང་པོ་འབྲི་ཉེན་ཡོད་པ་དང་། དེར་མ་ཟད་གོ་བ་མི་རྙེད་པའི་ཉེན་ཤིན་ཏུ་ཆེ།།

དྲི་བ། བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་སྐབས་སུ་དཀའ་ངལ་ཆེ་ཤོས་གང་དང་གང་ཕྲད་དང་འཕྲད་བཞིན་འདུག་གམ།

ལན། བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་རྒྱུར་དགེ་རྒན་ལ་དཀའ་ངལ་གང་ཡང་མེད། འོན་ཀྱང་གལ་ཏེ་སློབ་ཕྲུག་མཛད་འཕྲིན་རྒྱས་དྲགས་པ་དང་བོད་ཡིག་ལ་དོན་གཉེར་མེད་ན་ནི་དཀའ་ངལ་ཆེས་ཤོས་སུ་འགྱུར་སྲིད།

དྲི་བ། ལག་ལེན་ཐོག་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཡོང་བའི་ཐབས་ལམ་བཟང་ཤོས་ཅི་ཞིག་གཟིགས་ཀྱི་འདུག་གམ།

ལན། བོད་ཡིག་དགེ་རྒན་གྱིས་ཉིན་གཅིག་ལ་ཤོག་བུ་བཅུ་ཀློགས་གསུངས་ན་རང་གིས་ཤོག་བུ་ཉི་ཤུ་ཀློག་རྒྱུར་འབད་བརྩོན་བསྟེན་རྒྱུ་དང་། གལ་ཏེ་རྒན་ལགས་ནས་ཤོག་བུ་གསུམ་ཉིན་སྟར་བྲིས་གསུངས་ན་རང་གིས་ཉིན་སྟར་་ཤོག་བུ་དྲུག་འབྲི་དགོས། འདི་ནི་ལག་ལེན་གྱི་མན་ངག་ཡིན།

དྲི་བ། གདང་ལ་རི་བོ་བཅར་འདྲིའི་སྟེགས་བུ་འདི་བརྒྱུད་ནས་རྒྱ་ཆེའི་ཀློག་པ་པོར་གསུང་འདོད་པ་གང་ཡོད་དམ།
ལན། གོང་གི་དྲི་བ་མཐའ་མའི་མན་ངག་དེ་ལག་ལེན་བསྟར་རོགས་ཞེས་བསྐུལ་བར་བྱའོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *